咆哮 作词 : 桑杰卡 作曲 : 旦正昂加 ང་ཚོར་རིགས་ཡོད། ང་ཚོར་རྒྱུད་ཡོད། གནའ་ནས་ལོ་རྒྱུས་ཀྱི་དཔང་པོ་བདེན་པར་གསལ་བའི་བོད་བཙན་པོའི་རིགས་རུས་ཀྱི་རྒྱུད་ཡིན། མེས་པོ་ཚོའི་སྙིང་ཡིན། སྟོབས་ཆེན་གྱི་མཐུ་ཡིན། འོན་ཀྱང་། ཕྲག་དོག་གི་རྣོ་ཁ་བརྡར་བའི་ཧམ་སེམས་ཀྱི་མཆེ་བ་ཅན་ཚོའི་སེམས་ནས་ང་ཚོ་འདྲེ་ཡིན། ཞེ་འདང་གི་འཇམ་ཤ་གླན་པའི་དུངས་ཞེན་གྱི་འཛུམ་མདངས་གྲོལ་མཁན་ཚོའི་སེམས་ནས་ང་ཚོ་ལྷ་ཡིན། གང་ལྟར། འདས་བའི་སྐྱ་རླུང་འཁྲིགས་པའི་དུར་ས་དེ་མཇུག་རྫོགས་སོང་། ངུ་འབོད་དང་སྨེ་ངག་བྲག་ཆ་འཁྱིལ་སའི་དམྱལ་བའི་བཙོན་ར་དེ་ཐལ་བར་གྱུར་སོང་། ད་སྐབས་ང་ནི་ཁེར་རྐྱང་ཡིན། ཁེར་རྐྱང་གི་དཔའ་བོ་ཡིན། ང་མི་སྐྲག ང་མི་ཞུམ། གྲོགས་པོ་ཟེར་བའི་འཛུམ་མདངས་བྲིས་མ་དེའི་ཡང་སྙིང་ངས་རྟོགས་སོང་། ཚང་མ་གདོང་འབག་མནབས་མཁན་རེད། བརྩེ་དུང་ཟེར་བའི་ཁ་ཚིག་སྙན་མོ་དེའི་གཡོ་སྒྱུ་ངས་ཚོར་སོང་། ཡོད་ཚད་འཇའ་ཡི་ཁ་དོག་རང་རེད། ང་མདུན་དུ་བསྐྱོད་དགོས། ང་ལ་རང་ཚིགས་ཡོད། ཕུགས་བསམ་ཡོད། ལ་རྒྱ་ཡོད། བློ་དཔྱོད་ཡོད། སྤོབས་སེམས་ཡོད། རང་ཁྲག་རང་གིས་གཞིབ་པའི་སྲིན་འབུ་ཞིག་ལ་ངས་མི་བཀུར། ལྕེབ་ཐག་རང་སྐེར་དཀྲི་བའི་གཤེད་མ་ཞིག་ལ་ང་མི་སྤྲུལ། ང་ལ་བདེན་པའི་དར་ཆ་ཡོད། དྲང་མོའི་ལམ་ཁ་ཡོད། ཁ་སང་གི་ཁ་བའི་འཁྱགས་ཤི་ལ་ལས་བདའ་མེད་པར། དེ་རིང་གི་མུན་པའི་གཡོ་ཇུས་ལ་མོས་གུས་མེད་པར། ངའི་སེམས་ན་དཀར་ནག་གི་དྭངས་སྙིགས་རྣམ་པར་ཕྱེ་ཡོད། ངའི་སེམས་ན་ཡིད་ཆེས་ཀྱི་རྡོ་རིང་བརྟན་པོར་བཙུགས་ཡོད། ཧ་ཧ་གསར་བུ་ཚོ། ཧོ་ཧོ་གསར་མོ་ཚོ། དུད་ཆང་ཉིན་མཚན་རོལ་བའི་ལོངས་སྤྱོད་དེ་ཕ་མའི་ནང་སྙིང་དྲིས་ནི་རེད། རང་ལུས་ཁྲོམ་ལ་བཤམས་པའི་ཚོང་ལས་དེ་ཕ་མའི་ཁ་ངོ་བརླག་ནི་རེད། ཅིའི་ཕྱིར། ཅིའི་ཕྱིར། ང་ཚོའི་རུས་རྐང་ལ་ཤ་ཁྲག་འཛོམས་ལ་ཡན་ལག་རྒྱས་ཡོད། ང་ཚོ་བྲན་གཡོག་མིན། ལོང་བ་མིན། གླེན་པ་མིན། སེམས་ནས་འདང་རྒྱོབ། སྙིང་ནས་སྤོབས་བསྐྱེད། ཡིད་ལ་དཔའ་ཆོངས། རིག་པའི་བློ་བརྡོར། ཐོབ་ན་ཤོར་ན་འགྱེལ་ན་ལངས་ན། རང་སེམས་ལ་བལྟ་གི་སྡོད། གཞན་སེམས་ལ་གནོད་མ་བསྐྱེལ། ཆེ་ལ་བཀུར་དགོས་ཆུང་ལ་བྱམས་དགོས། གཡས་ན་མཛེས་སྡུག་ཡོད། གཡོན་ན་གཡོ་སྒྱུ་ཡོད། ཡོད་ཡོད་འདྲ་ལ་མེད་མེད་འདྲ་བ་ཚང་མ་རང་སྟེང་ན་ཡོད་གཤིས། རང་ལམ་རང་གི་རྡོག་པས་འཇལ་དགོས། རང་ཚུགས་རང་གི་སྤྱོད་པས་འཛིན་དགོས།